༄༅།། རྒྱ་ནག་ཁྲིམས་ལུགས་འཆད་ཁྲིད་འཛིན་གྲྭ་ཞེས་པའི་ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། བྱང་ཨ་རི་དང་ཡོ་རོབ་ལྟེ་བར་བྱས་པའི་ཕྱི་རྒྱལ་ཁབ་ཁག་གི་ནང་གནས་བཞུགས་གང་ཟག་སྒེར་དང་ཚོགས་སྡེ་ཁག་ལ། རྒྱ་ནག་གིས་བཀོལ་སྤྱོད་བྱེད་བཞིན་པའི་ད་ལྟའི་ཁྲིམས་ལུགས་སྤྱི་དང་། དམིགས་བསལ་གྱི་གྱོད་དོན་དག་གི་ཐད་ལ། རྒྱའི་ཁྲིམས་ལུགས་དང་སྲིད་ཇུས་འཛིན་ཕྱོགས་གསལ་སྟོན་དང་། དེ་ལ་བརྟེན་ནས་མཇུག་འབྲས་ཅི་འབྱུང་། དེ་བཞིན་བློ་འདོན་གྲོས་བསྡུར་བྱེད་པ་སོགས་ཀྱི་ཐད། བློ་གྲོས་རྩལ་འདོན་གྱིས་འཆད་ཁྲིད་དང་ཉམས་ཞིབ་བྱས་པ་བརྒྱུད། མི་རྣམས་ལ་རྒྱའི་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན། འཆད་ཁྲིད་དངོས་ཀྱི་བསླབ་གཞིའི་ཁོངས་སུ། རྒྱ་ནག་གི་རྩ་ཁྲིམས་དང་ཚོང་ཁྲིམས། མི་རིགས་རང་སྐྱོང་ཁྲིམས་ལུགས། དམངས་ཁྲིམས་དང་ཉེས་ཁྲིམས། དེ་མིན་ད་དུང་ཆབ་སྲིད་འཛིན་སྐྱོང་གི་ཁྲིམས་ལུགས་དང་། བོད་དང་རྒྱ་ནག་གི་ཁྲིམས་ལུགས་སྲོལ་རྒྱུན་དང་ཁྲིམས་རིག་གནས་བཅས་འདུས་པ་ཡིན། ལས་གཞི་འདི་ནི་བོད་ཀྱི་ཁྲིམས་ལུགས་ཐེབས་རྩའི་ལས་གཞིའི་ཁོངས་སུ་གཏོགས་ཤིང་། འཆད་ཁྲིད་རྣམས་བོད་སྐད་དང་། རྒྱ་སྐད། དབྱིན་སྐད་བཅས་ཀྱི་ནང་དུ་བཀོད་སྒྲིག་སོ་སོར་བྱ་རྒྱུ་ཡིན་པས། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
གལ་ཏེ་སྐུ་ཉིད་ཀྱིས་རྒྱ་ནག་དང་འབྲེལ་བའི་ཚོང་དོན་བྱེད་བཞིན་པའམ་བྱ་འཆར་ཡོད་པས་རྒྱ་ནག་གི་ཁྲིམས་དང་སྲིད་ཇུས་རྒྱུས་ལོན་བྱེད་འདོད་པ་དང་། ཡང་ན་རྒྱ་ནག་ལ་ཞིབ་འཇུག་དང་ལྟ་སྐོར་དང་གཉེན་འཕྲད་སོགས་ཀྱི་དབང་གིས་རྒྱ་ནག་གི་ཁྲིམས་ལུགས་གནས་སྟངས་ཤེས་འདོད་ཚེ། འཆད་ཁྲིད་ལས་གཞི་འདི་ལ་ཞུགས་ན་ཁྱེད་ལ་ཕན་ཐོགས་ངེས་ཅན་འཐོབ་ངེས།
ཁྲིམས་ལུགས་འཆད་ཁྲིད་འཛིན་གྲྭ
གཟའ་པ་སངས། (ཉིན་དང་པོ)
རྒྱ་ནག་དེང་རབས་ཀྱི་ཁྲིམས་ལུགས་སྒྲོམ་གཞི་དང་། རྩ་ཁྲིམས། མི་རིགས་རང་སྐྱོང་དང་འཛིན་སྐྱོང་སྐོར་གྱི་ཁྲིམས་ལུགས་ཤེས་བྱ་སོགས།
གཟའ་སྤེན་པ། (ཉིན་གཉིས་པ)
རྒྱ་ནག་གི་ཉེས་ཁྲིམས་དང་། དམངས་དོན་ཚོང་དོན་ཁྲིམས་ལུགས་ཀྱི་སྒྲོམ་གཞི། དམངས་དོན་དང་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལུགས་དང་། འཛིན་སྐྱོང་གཏུག་བཤེར་ཁྲིམས་ལུགས་བཅས་ཀྱི་ཤེས་བྱ།
གཟའ་ཉི་མ། (ཉིན་གསུམ་པ)
བོད་དང་རྒྱ་ནག་གི་ཁྲིམས་ལུགས་སྲོལ་རྒྱུན་རིག་གནས་དང་། ནང་ཆོས་ཀྱི་འདུལ་ཁྲིམས་སྐོར་གྱི་ཤེས་བྱ།
ང་ཚོར་འབྲེལ་མཐུད་བྱེད་ཐབས།
གློག་འཕྲིན། chinalawguru@gmail.com